Mentimeter
མཱོན་ཀྲི་མི་ཀྲར།
མཱོན་ཀྲི་མི་ཀྲར་ཟེར་མི་ ལྷབ་སྟོན་མཁོ་ཆས་འདི་ དུས་རབས་འདི་ནང་ལུ་ ཤེས་ཡོན་ལྷབ་སྦྱང་འབད་ནི་གི་དོན་ལུ་ ཐབས་ལམ་ཚུ་གི་ནང་ལས་ གཙོ་བོ་རིམ་ཆེ་ཤོས་ཅིག་འབད་བརྩིཝ་ཨིན། ཐབས་ལམ་འདི་གིས་ སློབ་ཕྲུག་ཚུ་ ཤེས་ཡོན་ལྷབ་སྦྱང་འབད་ནི་དང་ མཉམ་འབྲེལ་གྱི་ཐོག་ལས་ལྷབ་ནི་གི་གོ་སྐབས་ བྱིནམ་ཨིན། ཐབས་ལམ་འདི་ལས་བརྟེན་ སློབ་ཕྲུག་ཚུ་ ཡོད་ཐོ་བཀོད་ནི་ སྦྱོང་ལཱ་འགོ་འདྲེན་འཐབ་ནི་དང་ ཁོང་རའི་བསམ་འཆར་ཚུ་དམངས་ཁར་བཤད་ནི་ལུ་ཁེ་ཕན་ཡོད།
དེ་ལས་ སློབ་ཕྲུག་ཁོང་ར་ནང་རྡོག་ དྲི་བ་རེ་བཟོ་སྟེ་ རིག་བསྡུར་འགོ་འདྲེན་འཐབ་ནི་ ལན་རིང་དང་ ལན་ཐུང་གི་དྲི་བ་ཚུ་གཅིག་གིས་གཅིག་ལུ་བཀོད་དེ་ བསམ་འཆར་ལེན་ནི་ སྤྱན་ཞུ་འབད་ནི་གི་ཁྱད་ཆས་ཚུ་ ཐབས་ལམ་འདི་ནང་ཚང་སྟེ་ཡོདཔ་ལས་ ལྷབ་སྦྱི་འབད་ནི་གི་དོན་ལུ་ སྟབས་བདེ་ཏོག་ཏོ་ཡོད་པའི་ ལྷབ་སྦྱང་གི་ཐབས་ལམ་ཅིག་ཨིན།
ད་རེས་ནང་པ་ ཞལ་འཛོམ་དང་ ཁྱད་རིག་གི་སྦྱོང་བརྡར་ནང་ལས་ཕར་ མང་ཤོས་ཀྱི་ར་ རང་སོའི་ངོ་སྤྲོད་འབད་ནི་དང་ རང་སོའི་དམིགས་གཏད་ཚུ་ ཐབས་ལམ་འདི་ལག་ལེན་འཐབ་སྟེ་ གནས་སྡུད་ཚུ་ལེན་དོ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ ཟད་འགྲོ་མང་ཤོས་ཅིག་བཏང་སྟེ་ དོན་ཚན་དང་འབྲེལ་བའི་ མཁོ་ཆས་ཚུ་ཉོ་སྟེ་ ལག་ལེན་འཐབ་ཡོད་རུང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ ད་རེས་ནངས་པ་ མཱོན་ཀྲི་མི་ཀྲར་གྱི་མཁོ་ཆས་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ ང་བཅས་ཚུ་ དུས་ཡུན་ཐུང་ཀུ་ཅིག་ལུ་ ལྷབ་སྦྱང་དང་འབྲེལ་བའི་གནས་ཚུལ་ཚུ་ སྤེལ་ཚུགས་པའི་ཁར་ ཟད་འགྲོ་ཚུ་ཡང་ འཐེབ་ག་ནི་ཡང་གཏང་མ་དགོ་པར་ ལྷབ་སྦྱང་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་འབྱུང་མས།
གྲོས་བསྟུན་ཞལ་འཛོམ་ནང་ལུ་ཡང་ འགོ་འདྲེན་པ་མང་ཤོས་ཀྱི་ར་ ཐབས་ལམ་འདི་ལག་ལེན་འཐབ་སྟེ་ ཡོདཔ་ཨིན། ཐབས་ལམ་འདི་ སློབ་ཁང་ནང་ལས་ཕར་ཡང་ ལག་ལེན་འཐབ་ནི་ལུ་སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ སློབ་ཕྲུག་ཚུ་གི་ཡང་ ཐབས་རིག་འདི་ལྷབ་སྦྱང་གི་མཁོ་ཆས་སྦེ་ལག་ལེན་འཐབ་སྟེ་ མཐའ་ན་ སྡེ་ལཱ་འབད་ནི་ ལས་འགུལ་འབད་ནི་ སྤྱན་ཞུ་བཟོ་ནི་ལས་འགོ་བཙུགས་ སློབ་ཕྲུག་ཚུ་གྲལ་གཏོགས་ལྷབ་སྦྱང་འབདཝ་ཨིན།
སློབ་སྟོན་པ་ཚུ་ཡང་ དབྱེ་ཞིབ་འབད་ནི་ གནས་ཚད་རྟག་ཞིབ་ཞིབ་འབད་ནི་དང་ ཁོང་གིས་བྲིས་མི་ཚུ་ ལེགས་ཉེས་ཀྱི་བསམ་ལེན་བྱིན་ནི་ལུ་ སྟབས་བདེ་བའི་ཁར་ དུས་ཚོད་འཕྲོ་བརླག་མ་གཏང་པར་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ བསམ་ལེན་དང་འབྲེལ་བའི་ ལེགས་ཉེས་ཀྱི་བསམ་འཆར་བྱིན་ཏེ་ མཉམ་འབྲེལ་སྦེ་ལྷབ་སྦྱང་འབད་ཚུགས་པའི་ཁེ་ཕན་འདུག། དེ་གིས་འབད་ ད་རེས་ཀྱི་དུས་ལུ་ ཐབས་རིགས་འདི་ ལྷབ་སྦྱང་དང་ གྲོས་བསྟུན་ཞལ་འཛོམ་ནང་ལས་ཕར་ ལག་ལེན་འཐབ་ནི་ལུ་ མེད་ཐབས་མེད་པའི་ སྲོག་ཤིང་བཟུམ་ཅིག་ཨིན།
Comments
Post a Comment